བཀའ་ཟུར་བློ་བཟང་སྙན་གྲགས་ལ་སྙན་ངག་གི་བསུ་བ།

བཀའ་ཟུར་བློ་བཟང་སྙན་གྲགས་ལ་སྙན་ངག་གི་བསུ་བ།


བྱང་ཐང་ཕོ་ཉ།


ལས་ལ་བརྩོན་པའི་མི་བློ་གྲོས་ཅན།
ཤེས་རབ་དང་ལྡན་པའི་གང་ཟག་ཁྱད་པར་བ།།
བཤད་ན་གནས་ལུགས་ཡོད་པ།།
རྒྱུན་ལྡན་དུ་འར་སྒྲ་དང་འུར་སྒྲ་མེད་པ།།

མཐོ་གང་གི་རིང་མ་གྲགས་པར།།
ཐེབ་གང་གི་ཐུང་མ་གྲགས་པར།།
༢༠༢༡ལོར་སྲིད་སྐྱོང་འོས་ཤིང་འཚམས་པ།།
ཕྱོགས་ཕྱོགས་ལ་ཡོ་མེད་པ།།
དུས་རྟག་ཏུ་གུག་མེད་པ།།
འཚོ་བའི་ཁྲོད་དུ་དྲང་ཚུགས་རན་པ།།

རྫུན་གྱི་ལྕེ་མེད་པ།།
ཁྲམ་གྱི་དྲི་མེད་པ།།
གཡོ་ཡི་རྒྱན་མེད་པ།།

བླུན་པོའི་ཚོགས་མེད་པ།།
དཔོན་གྱི་ཞག་པ་མེད་པ།།
ཤེས་རབ་དང་འཇོན་ཐང་ལྡན་པ།།
དབང་པོའི་སྒོ་ཡོང་རྫོགས་ཚང་པ།།

ཁ་སང་ཁེ་ཉིན་གྱི་སྐུ་ངོ་གསར་བ་མིན་པ།།
ཡུན་རིང་གི་ཁང་སྲུང་དང་སྒོ་སྲུང་ཙམ་མིན་པར།།
རྒྱུད་རིམ་ངེས་ཅན་ཡོད་པའི་སྲིད་པའི་ལྡེ་མིག།
འུར་བསྟོད་ཀྱི་ཞིང་ནས་བཞེངས་པའི་སྐུ་ངོ་དེ་མ་ཡིན།།

འོས་ཤོག་ངོ་མ་དེ་་བླུགས་ན་ཁོང་ལ་བླུགས།།
༢༠༢༡ལོར་སྲིད་སྐྱོང་བློ་བཟང་སྙན་གྲགས་ལགས་ན་མོ།

་་་་་་་་་་་་་་་་་་་་་་་་་་་་་་་་་་་

༈ བཀའ་ཟུར་བློ་བཟང་སྙན་གྲགས་མཆོག།
ཉེར་གཅིག་ལོའི་སྲིད་སྐྱོང་འོས་ཤིང་འཚམས།།
ལས་ལ་བརྩོན་ཅིང་བློ་གྲོས་རྣམ་དཔྱོད་ཅན།།
ཤེས་རབ་ལྡན་པའི་གང་ཟག་ཁྱད་དུ་འཕགས།།
བཤད་ན་གཏམ་ལ་གནས་ལུགས་ལྡན་པ་དང་།།
རྟག་ཏུ་འར་འུར་སྒྲ་ཡིས་ཁེངས་སེམས་མེད།།

མཐོ་གང་ཙམ་གྱི་རིང་ཡང་མ་དྲགས་ཅིང་།།
ཐེབ་གང་ཙམ་གྱི་ཐུང་ཡང་མ་དྲགས་པའི།།
ཕྱོགས་དང་རེས་སུ་ཡོ་འཁྱོག་མེད་པས་དྲང་།།
ཉེར་གཅིག་ལོ་ཡི་སྲིད་སྐྱོང་འོས་ཤིང་འཚམས།།

རང་བཞིན་གཤིས་སྤྱོད་གུག་པ་ཅན་ཞིག་མིན།།
དུས་རྒྱུན་འཚོ་བའི་ཁྲོད་དུ་དྲང་ཚུགས་འཛིན།།
རྫུན་གྱི་ལྕེ་དང་གཡོ་ཡི་བསྒྱུ་འཕྲུལ་མེད་།།
ཁྲམ་གྱི་དྲི་དང་བླུན་པོའི་ཚོགས་ཀྱང་མེད།།

ཞཌ་པ་འཛིན་པའི་དཔོན་པོའི་ཉམས་མེད་ཀྱང་།།
རྣམ་དཔྱོད་ཤེས་རབ་འཇོན་ཐང་ཉམས་མྱོང་ལྡན།།
དབང་པོའི་སྒོ་ནི་ཡོངས་རྫོགས་ཚང་ཞིང་མཆོག།
མདང་སང་སྐྱེས་པའི་སྐུ་དངོས་གསར་པ་མིན།།

ཡུན་རིང་ཁང་སྲུང་སྒོ་སྲུང་བསྡད་པར་མིན།།
འུུར་བསྟོད་ཞིང་ནས་བཞེངས་པའི་སྐུ་ངོ་མིན།།
རྒྱུད་རིམ་ངེས་ཅན་ཡོད་པའི་སྲིད་པའི་མིག།
འོས་ཤོག་བླུག་ན་སྐྱེ་བུ་ཁོང་ལ་བླུགས།།✔

ཁ་གསལ་གོ་བདེ་རྩ་འགྲེལ་འདི།།ཧཧཧ
འཛོམས་ལྷ་ཀརྨ་གྲགས་པ་གཉིད་ནས།།
ཅུང་ཟད་ཕན་པའི་རེ་བ་དང་བཅས།།♥️
ནམ་ཕྱིད་རྒྱལ་བའི་དཀྱིལ་འཁོར་ལའོ།།

་་་་་་་་་་་་་་་་་་་་་་་་་་་་་་་་་་་

དཔོན་ཁྲོམ་ཆེན་ཟིན་གནོན།

<༢༠༢༠>ལོ་མཇུག་གི་སྙན་ངག་འདི་<༢༠༢༡>བསུ་བའི་གླུ་ཡིན།

་་་་་་་་་་་་་་་་་
བྱང་ཐང་ཕོ་ཉ།


གངས་ལྷུན་པོ་དང་ལྷུན་པོས་སྐོར་བའི།།
གཞིས་ས་འཛིན་གྱི་གངས་ཅན་ལྗོངས་ལ།།
ཆོས་ཆབ་སྲིད་ཀྱི་དབུ་འཕང་བསྟོད་ན།།
དཔོན་བློ་བཟང་སྙན་གྲགས་ཁྱོད་རྒྱལ་ལོ།།

སྲིད་ཉི་ཟླ་ཡི་འོད་མདངས་དགོས་ན།།
ནང་ཕུ་ནུ་ཡི་དམ་ཚིག་མཐུན་དགོས།།
དགྲ་དམར་པོ་ལ་འཇམ་རྡར་དགོས་ན།།
ལམ་དབུ་མ་ཡི་བྱིན་རླབས་འཇུག་དགོས།།

རིགས་རུས་པ་དེ་དྭངས་གཙང་དགོས་ན།།
ངེད་ཡ་མེས་ཀྱི་བརྒྱུད་ཐག་མཁྲེགས་དགོས།།
དགྲ་དམར་པོ་དང་གཡུལ་ས་རྒོལ་ན།།
བོད་ཆོལ་གསུམ་གྱི་ལག་བརྡང་གཅིག་ཡིན།།

ཞེ་ཁྲེལ་མེད་ཀྱི་ཕྱོགས་སུ་ལྷུང་ནས།།
རིགས་སྤུན་ཟླ་ཡི་སེམས་རྩ་མ་དཀྲུགས།།
ནང་ཕུ་ནུ་ཡི་རྡར་རྡོ་ཁ་ལེབ།།
ཟས་བྲོད་པ་ཡི་སྒེར་རྩོད་མ་བྱེད།།

ནང་ཟུང་འཇུག་གི་ཤེས་རིག་མེད་པ།།
ལས་བླང་དོར་གྱི་མུ་གེས་མནར་བས།།
བོད་ཆོལ་གསུམ་གྱི་ཐུག་དཀྲུགས་ལྟེ་བོ།།།
དགྲ་དམར་པོ་ཡི་རྒྱུགས་ཁྱི་མ་བྱེད།།

དབུས་དག་པ་ལྷ་ལྡན་གྱི་ཞིང་ནས།།
སྨད་མདོ་ཁམས་གྱི་ལིང་གི་བར་དུ།།
གདོང་སྤྲེལ་ཚ་ཡི་ཁྱིམ་བརྒྱུད་གཅིག་ལས།།
ཞེ་ཕྱོགས་འཛིན་གྱི་ནང་འཁྲུག་མི་དགོས།།

དཔོན་ཁྲོམ་ཆེན་དེ་ཟིལ་གྱིས་གནོན་མཁན།།
ལམ་དབུ་མ་ཡི་རྟོག་པ་རང་ཤར།།
བློ་ཤེས་རིག་ཀྱི་མུན་པ་རབ་གསལ།།
དཔོན་བློ་བཟང་སྙན་གྲགས་ཁྱོད་རྒྱལ་ལོ།།

སྲིད་ཉི་ཟླ་ཡི་དཀྱིལ་འཁོར་བདག་པོ།།
དགྲ་དམར་པོ་ལ་སྟ་རེས་མནན་ནས།།
ནང་ཕུ་ནུ་ཚོགས་བྱམས་ཀྱིས་སྐྱོང་མཁན།།
རིགས་ལས་མཐུན་གྱི་མཛངས་བློན་ཁྱོད་ཡིན།།


སྙན་ངག་ཚན་པ་འདི་མྱུར་བྲིས་སྤེལ། སྤྱི་ཚོགས་གནས་དོན་དང་སྙན་ངག་པའི་སྡུག་ངུའི་ལམ་ནས་མཚན་མོར་མལ་གདན་སྟེང་དུ་འགྱེལ་ནས་བྲིས།

ནང་དོན་གནས་བསྡུས་གཉིས་རང་ཡིན། གཅིག་ནི་ད་སྐབས་བཙན་བྱོལ་བོད་མིའི་བསམ་བློའི་སློབ་གསོ་དང་ཀུན་སྤྱོད་ལ་གཏད་དེ་བྲིས། གཉིས་ནས་༢༠༢༡ལོའི་བོད་ཀྱི་སྲིད་སྐྱོང་ལ་ཤིན་ཏུ་འོས་ཤིིང་འཚམ་པ་དང་། དུས་ཀྱི་དགོས་མཁོ་དང་འབྲེལ་བའི་སྐུ་ཞབས་བློ་བཟང་སྙན་གྲགས་ལགས་ད་ལྟའི་དུས་ཚོད་འདིར་ཁོང་སྐབས་བབ་ཡིན་པས་ལས་སྨོན་མཚམས་སྦྱོར་གྱི་གླུ་འདི་བླངས་སོ།།


༢༠༢༠/༡༢/༧མཚན་མོར་ཆུ་ཚོད་༡༡སྐར་མ་༡༣ལ་མཇུག་བསྡུས་སོ།

བཀའ་ཟུར་བློ་བཟང་སྙན་གྲགས་ལ་སྙན་ངག་གི་བསུ་བ།